བདག་གིས་ཆོས་ལམ་སྲུང་སྐྱོབ་བྱས་ན། ཆོས་ལམ་གྱིས་སྲུང་སྐྱོབ་བྱེད་ཆོག།
བདག་གིས་སའི་གོ་ལ་སྲུང་སྐྱོབ་བྱས་ན། སའི་གོས་བདག་སྲུང་སྐྱོབ་ཆོག།
བདག་གིས་འཛམ་གླིང་གསོ་བཅོས་བྱས་ན། འཛམ་གླིང་གིས་བདག་གསོ་བཅོས་ཡོང་།
སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་ངག་ཉུང་ངུའི་ཚིགས་བཅད་དུ་བསྡེབས་པ་དགེ །

འཇིག་རྟེན་པའང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་ལྡན་པའི་མཁས་པ་ཐམས་ཅད་ནི་—ཆོས་ལུགས་སམ། ལྟ་གྲུབ། ཡང་ན་ཚན་རིག་གི་ལམ་ལ་བརྟེན་ནས་འགྲོ་མིན་ལ་མ་ལྟོས་པར—མི་ཚེ་ལ་ཆ་ཚང་བའི་འཇུག་སྟངས་ཤིག་མཉམ་སྤྱོད་བྱེད་ཀྱི་ཡོད། དེ་འདྲའི་གང་ཟག་ཚོས་རང་གི་དད་པའམ་ཉམས་མྱོང་ལས་བརྒལ་ཏེ་རང་བཞིན་གྱིས་བཟང་སྤྱོད་ཀྱི་འདུ་ཤེས་ཤིག་དང་། སྐྱེ་ལྡན་ཐམས་ཅད་ལ་གུས་བརྩི། མཐའ་འཁོར་ཁོར་ཡུག་ལ་ཟབ་མོའི་ལྟ་སྐྱོང་བཅས་འཆང་གི་ཡོད། ཁྱད་ཆོས་འདི་དག་གིས་ཁོང་ཚོ་ང་ཚོའི་འཇིག་རྟེན་གྱི་དངོས་གནས་ལམ་སྟོན་པར་གྱུར་ཡོད། ལྟ་གྲུབ་དང་། རིག་གཞུང་། ཡིད་ཆེས། ཉམས་མྱོང་མི་འདྲ་བ་སོ་སོ་ཡོད་ཀྱང་། ཤེས་རབ་ཅན་རྣམས་ནི་འཇིག་རྟེན་ལ་ཕྱོགས་པའི་སྤྱན་མང་པོ་དང་ཕྱག་མང་པོ་ཡོད་ཀྱང་སྙིང་གཅིག་ཏུ་མཉམ་འབྲེལ་ཡོད་པ་ལྟ་བུ་ཡིན།
སྐྱེས་བུ་ཆེན་པོ་འདི་དག་གི་ཁྲོད་ནས། བདག་ཅག་༧གོང་ས་མཆོག་ནི་གསལ་མདངས་ཆེ་བའི་དཔེ་མཚོན་ཞིག་ཏུ་བཞུགས། ངོས་རང་ནང་པའི་བཙུན་མ་ཞིག་དང་ཁོང་རང་གི་རྗེས་འབྲང་ཞིག་ཡིན་པའི་ཆ་ནས། ངས་ཁོང་གི་བསླབ་བྱ་དང་སའི་གོ་ལར་ཁོང་གི་བརྩེ་སེམས་སྙིང་ལ་བཅངས་ཡོད། གུས་བརྩི་ཟབ་མོ་འདི་དང་ལྡན་པའི་ངང་ནས། ངས་ང་ཚོའི་མཐའ་འཁོར་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ལ་ཁོང་གི་རྩོམ་ཡིག་རིན་ཐང་ཆེ་བ་ཞིག་མཉམ་སྤྱོད་བྱེད་ཀྱི་ཡོད།
ང་ཚོ་མང་པོས་གནམ་གཤིས་ཀྱི་ཛ་དྲག་གནས་སྟངས་དང་འཛམ་གླིང་དྲོད་ཚད་འཕེལ་རྒྱས་ཀྱི་སྐོར་ཤེས་ཀྱི་ཡོད་ནའང་། གནས་སྟངས་ཀྱི་ཚབས་ཆེན་རང་བཞིན་ངོས་ལེན་བྱེད་འདོད་པ་དང་བློ་སེམས་གཏིང་ནས་ལས་དོན་སྤེལ་མཁན་ཧ་ཅང་ཉུང་ཉུང་རེད། ངའི་བསམ་པར་དུས་སྐབས་འདིར་མཉམ་སྤྱོད་ཀྱི་འགན་འཁྲི་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་རང་ཉིད་ཐ་དད་པའི་སྒེར་ཁག་མིན་པར། རྟེན་འབྲེལ་སྦྲེལ་ཆགས་ཀྱི་འགྲོ་བ་མིའི་ནང་མི་གཅིག་པོར་ངོས་འཛིན་བྱས་ནས་གོ་ལ་འདི་ལ་ང་ཚོས་ལྟ་སྐྱོང་ཇི་ལྟར་བྱེད་ཀྱི་ཡོད་མེད་རང་ཉིད་ལ་དྲི་དགོས།
སྔར་ནས་ཤིང་སྡོང་དང་། རི་བོ། ཆུ་བོ་བཅས་ས་གཞི་དང་ཟབ་མོའི་འབྲེལ་བ་མེད་པའི་དངོས་གནས་སངས་རྒྱས་པའི་སྐྱེས་བུ་བྱུང་མྱོང་མེད། ང་ཚོའི་མཐའ་འཁོར་ཁོར་ཡུག་ལ་ལྟ་སྐྱོང་བྱེད་པ་ནི་འཚེ་མེད་ཞི་བའི་བྱ་བ་ཞིག་དང་ཡོངས་ཁྱབ་ཞི་བདེའི་ཆེད་དུ་ཟབ་མོའི་ཁས་ལེན་ཞིག་ཡིན། དེ་ནི་ཆབ་སྲིད་དང་ལྟ་གྲུབ་ཀྱི་དབྱེ་མཚམས་ལས་བརྒལ་བའི་གཅིག་སྒྲིལ་གྱི་ལམ་ཞིག་ཡིན།
དེར་བརྟེན་སྤྱིར་བཏང་དུ་ངའི་བསམ་པར་ང་ཚོས་རང་ཉིད་ཀྱིས་དྲན་ཤེས་དང་འགན་འཁྲི་ཡོད་པའི་སྒོ་ནས་གནད་དོན་གལ་ཆེན་པོ་ཁག་རྟོགས་ཐུབ་ཀྱང་། སྐབས་རེ་ང་ཚོའི་སྣང་མེད་ཀྱི་གོམས་གཤིས་ཤུགས་ཆེ་དྲགས་པས། རྣམ་དཔྱོད་མཐོ་པོའི་གནས་ཚད་ཀྱི་སྐྱེས་བུ་ཚོའི་གསུང་གིས་ང་ཚོར་ལས་དོན་སྤེལ་རྒྱུར་རོགས་པ་བྱེད་ཐུབ། དེར་བརྟེན་ངས་ང་ཚོའི་གོ་ལ་ལ་ལྟ་སྐྱོང་བྱེད་དགོས་པའི་བསྐུལ་མ་འདེབས་པའི་ཁོང་རང་གི་བསྟོད་པ་ཞིག་མཉམ་དུ་བགོ་འགྲེམས་བྱ་རྒྱུ་ཡིན།

སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་ངག་ཉུང་ངུའི་ཚིགས་བཅད་དུ་བསྡེབས་པ་དགེ །
༄༅། །ཇི་སྙེད་སྣོད་བཅུད་འཁོར་འདས་བརྟན་གཡོའི་ཆོས། །
ཀུན་ཁྱབ་རྟེན་འབྱུང་གནས་ལུགས་ལེགས་གཟིགས་ནས། །
བརྩེ་ཆེན་ཐུགས་རྗེས་འགྲོ་ལ་འདོམས་མཁས་པ། །
མཉམ་མེད་བུ་རམ་ཤིང་པས་དགེ་ལེགས་སྩོལ། །
རྒྱལ་ཀུན་བརྩེ་ཆེན་ཕུང་པོའི་རང་གཟུགས་ལ། །
སྤྱན་རས་གཟིགས་ཞེས་མཚན་དུ་གསོལ་བའི་ལྷས། །
བདག་སོགས་འགྲོ་བའི་ཤེས་རྒྱུད་སྨིན་པ་དང༌། །
ཡང་དག་གནས་ཚུལ་མཐོང་བར་བྱིན་གྱིས་རློབས། །
ཐོག་མ་མེད་ནས་རྟག་ཏུ་གོམས་པ་ཡི། །
རང་ཉིད་གཅེས་འཛིན་བློ་ཡི་མཐུ་བརྟས་པས། །
སྤྱི་མཐུན་ལས་ཀྱིས་བསྐྱེད་པའི་ཁོར་ཡུག་ཁྱོན། །
འབྱུང་བ་སྦགས་བཙོག་མནོལ་བས་བསླད་པར་གྱུར། །
མཚོ་དང་མཚེའུ་དྭངས་བསིལ་ཡོན་ཏན་ཉམས། །
མཁའ་རླུང་དུག་ཅན་རྫས་རིགས་དུ་མས་ཁྱབ། །
མཁའ་དབྱིངས་རང་གྲུབ་བླ་བྲེར་བུ་ག་རྡོལ། །
སྔོན་མེད་ནད་རིགས་དུ་མས་འགྲོ་མང་མནར། །
སྲིད་པར་ཆགས་པའི་གངས་རི་མཐོ་བརྗིད་རྣམས། །
དབུ་འཕང་སྨད་ཅིང་རིམ་གྱིས་ཆུ་རུ་བཞུར། །
འཕེལ་འགྲིབ་བྲལ་བར་གྲགས་པའི་རྒྱ་མཚོ་ཡང༌། །
རང་བཞིན་ལས་འདས་གླིང་ཕྲན་དལ་གྱིས་བྱིངས། །
མེ་ཆུ་རླུང་གི་འཇིགས་པ་མཐའ་ཡས་ཏེ། །
ཚ་དྲོད་འབར་བས་རྩྭི་ཤིང་ནགས་ཚལ་སྐམ། །
རྒྱ་མཚོ་ཆེན་པོ་བ་ཚྭའི་ནུས་པ་ཉམས། །
ནགས་ཚལ་སྟོངས་པས་སྔོན་མེད་རླུང་འཚུབ་ལྡང༌། །
གང་དག་ནོར་གྱི་འབྱོར་པས་མ་ཕོངས་ཀྱང༌། །
གཙང་མའི་རླུང་ཙམ་བརྔུབ་པའི་སྐལ་བས་དབེན། །
ཆར་དང་ཆུ་རྒྱུན་རྣམས་ཀྱང་དག་བྱེད་ཀྱི། །
ནུས་པ་ཉམས་ཏེ་བརླན་གཤེར་རྫས་སུ་ཟད། །
མི་ཕྱུགས་སྐམ་གཤེར་གནས་པའི་སྲོག་ཆགས་ཀུན། །
ལུས་ལ་གདུག་ཅན་ནད་རིགས་དུ་མས་གཟིར། །
སེམས་ལ་བྱིངས་འཐིབ་རྨོངས་པས་རབ་ནོན་ཏེ། །
ལུས་སེམས་བདེ་ལ་སྤྱོད་པའི་གོ་སྐབས་ཕྲ། །
གཞན་ཡང་བཅོས་མའི་རྫས་སྦྱོར་ཆེས་སྤྱོད་ཅིང༌། །
འདོད་རྔམས་དབང་གིས་འཕྲལ་གྱི་ཁེ་ཕན་སླད། །
རྩྭི་ཤིང་ནགས་ཚལ་གཅོད་བྲེགས་ལ་སོགས་པས། །
འབྱུང་བ་ས་ཡི་ཟུངས་བཅུད་བརླག་པར་བྱས། །
གསང་སྔགས་རྒྱུད་དང་སྨན་རྩིས་གཞུང་སོགས་ལས། །
ཕྱི་ཡི་སྣོད་དང་སྐྱེ་བོའི་ནང་གི་ཁམས། །
ཕན་ཚུན་ཟུང་དུ་འབྲེལ་བའི་རྟེན་འབྲེལ་གཤིས། །
གསུངས་པའི་བདེན་དོན་དེང་སྐབས་མྱོང་བས་གྲུབ། །
ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །
རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །
ཅེས་སོགས་བདེན་པའི་དབྱངས་ཀྱིས་ས་ཆེན་འདི། །
སྟོན་པས་རང་གི་མཆོད་སྦྱིན་དཔང་དུ་མཛད། །
སེམས་ལྡན་ཚེ་འདིའི་སྐྱེས་མ་དྲིན་དྲན་ནས། །
དྲིན་གཟོར་བརྩོན་པ་ཡ་རབས་ངང་ཚུལ་བཞིན། །
ཉེ་འཁོན་མེད་པར་ཀུན་སྙོམས་མ་མ་སྟེ། །
ས་གཞི་འདི་ཡང་གཅེས་ཤིང་སྐྱོང་བའི་ཡུལ། །
རང་བཞིན་དྭངས་གཙང་འབྱུང་བ་བཞི་ཡི་ཁམས། །
དོན་མེད་ཆུད་གསོན་སྦགས་བཙོག་རྙོགས་བསླད་སོགས། །
སྐྱེ་འགྲོའི་བདེ་སྐྱིད་གཞི་མ་བརླག་བགྱིད་པའི། །
བྱ་བ་སྤངས་ནས་ཀུན་ཕན་ལས་ལ་གཞོལ། །
ཐུབ་པ་མཆོག་ཉིད་ལྗོན་པའི་དྲུང་དུ་བལྟམས། །
ལྗོན་པའི་དྲུང་དུ་བདུད་བཅོམ་བྱང་ཆུབ་བརྙེས། །
ལྗོན་པ་ཟུང་གི་དྲུང་དུ་མྱ་ངན་འདས། །
འདི་ལྟར་ཐུབ་པས་ལྗོན་པར་གཙིགས་སུ་མཛད། །
གང་དུ་འཇམ་མགོན་བླ་མ་ཙོང་ཁ་པ། །
མཚན་དཔེ་བཞད་པའི་ས་ཡི་ཐིག་ལེ་དེར། །
འབུམ་ཕྲག་རྒྱལ་བའི་སྐུ་ཡི་གཟུགས་གསལ་བའི། །
ཙན་དན་ལྗོན་པས་མཚན་པར་ཡོངས་སུ་གྲགས། །
འཇིག་རྟེན་ལས་འདས་ཡེ་ཤེས་ལྷ་དང་ནི། །
ཡུལ་ཕྱོགས་སྐྱོང་བའི་ལྷ་ཀླུ་མཐུ་བོ་ཆེ། །
དུ་མ་ཞིག་ཀྱང་ལྗོན་པའི་སྡོང་པོ་ལ། །
གནས་གཞི་འཆའ་བར་ཡོངས་སུ་མ་གྲགས་སམ། །
ལྗོན་ཤིང་བཟང་པོས་རླུང་ཁམས་གཙང་བར་བྱེད། །
ལྗོན་པས་སྲོག་རླུང་གཏོང་ལེན་རམ་འདེགས་བྱེད། །
ལྗོན་པས་མིག་དང་ཡིད་ལ་སིམ་པ་སྟེར། །
གྲིབ་བསིལ་སྣུམ་པོ་ཀུན་གྱི་ངལ་གསོའི་གནས། །
ཟླ་མེད་སྟོན་པ་མཆོག་དེས་འདུལ་བ་ལས། །
ལྗོན་ཤིང་གཞོན་ནུ་ཇི་ལྟར་སྐྱོང་བའི་ཚུལ། །
དགེ་སློང་རྣམས་ལ་གདམས་པའི་ཚུལ་འདིས་ཀྱང༌། །
ལྗོན་ཤིང་འདེབས་སྐྱོང་དགེ་ལས་མཆོག་ཏུ་རྟོགས། །
སྐྱེས་པ་གཅོད་དང་གཅོད་དུ་གཞུག་པ་དང༌། །
ས་བོན་ཇོམས་དང་རྩྭ་སྔོན་སྦགས་པ་སོགས། །
དགེ་སློང་རྣམས་ལ་སྟོན་པས་བཀག་པ་ཡང༌། །
ཁོར་ཡུག་གཅེས་སྐྱོང་གདམས་པར་བཟུང་བར་འོས། །
སྐབས་གསུམ་གྲོང་དུ་རྒྱལ་བའི་བྱིན་རླབས་ལས། །
འདུས་བྱས་མི་རྟག་ལ་སོགས་ཆོས་ཀྱི་སྡོམ། །
བཞི་པོ་སྟོན་པའི་སྒྲ་དབྱངས་ཟབ་མོ་ཡང༌། །
ལྗོན་པའི་ཤིང་གི་རྐྱེན་ལས་འབྱུང་བར་གསུངས། །
གཞན་ཡང་ལྗོན་པས་ཆར་ཆུ་འདྲེན་པར་བྱེད། །
ལྗོན་པས་ས་ཡི་ཟུངས་ནི་འཛིན་པར་བྱེད། །
དཔག་བསམ་ཤིང་ཞེས་འདོད་པ་ཀུན་སྟེར་བའི། །
དགོས་པ་རྣམས་ཀྱང་དོན་གྱིས་སྒྲུབ་པ་ཡིན། །
ཡ་ཐོག་དུས་ཀྱི་རང་རེའི་མེས་པོ་རྣམས། །
ལྗོན་འབྲས་ཟས་དང་ཤུན་པ་གོས་སུ་སྤྱོད། །
སྡོང་དུམ་གཙུབས་ལས་མེ་ཡི་རིག་པ་རྙེད། །
གནོད་འཚེ་ལྷགས་ཚེ་ལྗོན་པར་སྐྱབས་སུ་བསྟེན། །
ཚན་འཕྲུལ་བསྐལ་པ་བདོ་བའི་དུས་འདིར་ཡང༌། །
གནས་དང་སྤྱོད་ཆས་ཕལ་ཆེར་ལྗོན་པའི་དྲིན། །
འཐབ་རྩོད་ཁོང་ཁྲོའི་མེ་ཡིས་སྙིང་བསྲེག་ཚེ། །
འཕྲལ་དུ་ཞི་བསིལ་ཚོར་བ་ལྗོན་པས་སྟེར། །
མདོར་ན་མི་དང་མི་མིན་སྐྱེ་འགྲོ་ཀུན། །
འཚོ་བའི་གཞིར་གྱུར་ལྗོན་ཤིང་སྟོངས་གྱུར་ན། །
འཛམ་བུའི་ཤིང་གི་སྒྲ་ཡིས་ཉེར་བསྟན་པའི། །
གླིང་འདི་འཇིགས་རུང་མྱ་ངམ་ཐང་དུ་འགྱུར། །
གཞན་ཡང་སྲོག་ལས་གཅེས་པའི་དངོས་པོ་ནི། །
འགའ་ཡང་ལུས་ཅན་རྣམས་ལ་ཡོད་མ་ཡིན། །
སྲོག་ཆགས་བཅས་པའི་ཆུ་ལ་སྤྱོད་པ་སོགས། །
འདུལ་བའི་ཁྲིམས་སུ་བཅོམ་ལྡན་འདས་ཀྱིས་བཀག །
ཆོས་ལྡན་གངས་ཅན་བོད་ཀྱི་རྒྱལ་ཁམས་དེར། །
རི་རྒྱ་ཀླུང་རྒྱ་ཨར་ལས་རྒྱ་སྡོམ་སོགས། །
མགོན་མེད་སྐྱབས་བྲལ་ཉམ་ཆུང་དུད་འགྲོ་ཡི། །
ཕངས་པའི་སྲོག་གི་སྲུང་སྐྱོབ་ལུགས་བཟང་བྱུང༌། །
རི་དྭགས་རྔོན་དང་ཉ་རིགས་འཛིན་པ་སོགས། །
རྩེད་འཇོ་ཙམ་གྱི་ཕྱིར་དུ་གཞན་སྲོག་ལ། །
བག་ཚ་མེད་པར་འཚེ་བ་རྩོམ་བྱེད་པ། །
སྲོག་ལྡན་སྤྱི་ཡི་ཐོབ་ཐང་འཕྲོག་པའི་ལས། །
དེས་ན་སྣོད་བཅུད་རྟེན་ཅིང་འབྲེལ་འབྱུང་ཚུལ། །
རྟག་ཏུ་ཡིད་བཅང་ཀུན་ཕན་དགེ་བློའི་ངང༌། །
རང་བྱུང་ཁམས་ཀྱི་ནུས་པའི་འབྱུང་གནས་རྣམས། །
གཅེས་བཟུང་བསྲི་ཚགས་བརྩོན་པ་ལྷོད་མི་བྱ། །
ཁྱད་པར་ནམ་ཟླའི་དུས་ཚིགས་ངེས་བཟུང་སྟེ། །
ལྗོན་པ་འདེབས་འཛུགས་ཆོ་ག་སྐྱོང་བྱས་ན། །
རང་བདེ་གཞན་ཕན་འགྲོ་བ་སྤྱིའི་སྲི་ཞུར། །
སྨིན་པའི་དོན་ལྡན་ལས་ཀྱི་བགོ་སྐལ་གྲུབ། །
དེ་ལྟར་སྐབས་བབས་བླང་དོར་གནས་དག་ལ། །
འཇུག་ལྡོག་མ་ནོར་ཚུལ་བཞིན་འབད་པའི་མཐུས། །
སྣོད་བཅུད་དགེ་མཚན་ཉམས་མེད་སླར་གསོས་ཏེ། །
བདེ་དགེའི་ལྗོན་ཚལ་ཕྱོགས་བརྒྱར་རྟག་འཕེལ་ཤོག། །།
ཅེས་པ་འདི་ནི་བར་སྐབས་ངེད་རང་འཛམ་གླིང་ཤར་ནུབ་ཡུལ་གྲུ་དུ་མར་བསྐྱོད་འཁོད་ཀྱིས་སྐྱེ་འགྲོའི་བདེ་སྡུག་གི་སྣང་ཚུལ་ཇི་སྙེད་འདྲེན་བྱེད་ཀྱི་སྤྱོད་ཡུལ་དུ་གྱུར་པ་དང༌། ལྷག་པར་ཚན་འཕྲུལ་གྱི་བསྐལ་པ་དར་བའི་དབང་གིས་ལྷའི་གྲོང་ཁྱེར་ལ་འགྲན་བཟོད་པའི་ཁང་ཁྱིམ་གྱི་བཀོད་པ་སོགས་ཡར་རྒྱས་འཛུགས་བསྐྲུན་གྱི་རྣམ་གྲངས་ཇེ་འཕེལ་དུ་འགྲོ་བཞིན་ཡང༌། དོན་དུ་སྲོག་ལྡན་ཀུན་གྱི་འཚོ་བའི་གཞི་རྟེན་ཁོར་ཡུག་བདེ་སྙོམས་ཀྱི་གནས་སྟངས་ཐོག་དོ་ཕོག་ཚབས་ཆེ་འབྱུང་བཞིན་པ་དང༌། ཕྱོགས་གཅིག་ནས་དེ་སྔ་བོད་ཁ་བ་ཅན་གྱི་ཞིང་དུ་རང་བཞིན་འབྱུང་ཁམས་སྐྱོན་བྲལ་དུ་གནས་པའི་རྐྱེན་གྱིས་ལུས་ཅན་ཀུན་ཀྱང་འཚོ་ཁམས་བདེ་ལྡན་དུ་སྤྱོད་པའི་འདས་པའི་གནས་ཚུལ་བློ་ཡུལ་དུ་ཤར་ཞིང༌། དེང་སྐབས་བོད་ཐེ་བའི་འཛམ་གླིང་ཡོངས་ཁྱབ་ཏུ་ཁོར་ཡུག་གི་གནས་སྟངས་ཉམས་རྒུད་མྱུར་ཚད་ཆེན་པོའི་ཐོག་ནས་འགྲོ་བཞིན་པ་འདི་ཐོག་སྤྱི་བྱེ་ཚང་མས་འཕྲལ་ཡུན་ཁེ་གྱོང་བསམ་ཞིབ་ཀྱིས་འགན་འཁུར་ཐབས་བརྩོན་ཆེ་བསྐྱེད་མ་བྱུང་ཚེ་རིམ་གྱིས་སྣོད་བཅུད་ཡོངས་ལ་ཉམས་ཉེས་བློས་མི་འཆུན་པ་ཡོང་ངེས་ཀྱི་མྱོང་ཚོར་གཏིང་ཟབ་བྱུང་སྟེ་སྐྱེ་བོ་རེ་རེའི་ངོས་ནས་དུས་དང་རྒྱུན་གྱི་སྤྱོད་ལམ་ཀུན་ཏུ་སྣོད་བཅུད་ཉམས་པ་སོར་འཆུད་མི་ཉམས་གོང་འཕེལ་གྱི་ཐབས་ཚུལ་ལ་འབད་གལ་གཞེན་བསྐུལ་གྱི་ཚུལ་དུ། ལྡི་ལི་སངས་རྒྱས་རྗེས་དྲན་སྐྱེད་ཚུལ་དུ་ཟངས་ཚ་གསེར་མའི་སྟོན་པ་བཅོམ་ལྡན་འདས་ཀྱི་སྣང་བརྙན་བཞུགས་གསོལ་གྱིས་རྒྱ་གར་གཞུང་མང་ལ་རྟེན་འབུལ་ཞུ་བ་དང་ཆབས་ཅིག་སྣོད་བཅུད་རྟེན་འབྱུང་སྐོར་རྒྱལ་འདུས་ཚོགས་འདུ་བསྡུ་འཚོགས་ཀྱི་སྐབས་དང་བསྟུན། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། སྟོན་པ་བདེ་བར་གཤེགས་ལོ་ ༢༥༣༧ ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༢ ལ་བྲིས།།
དྲ་ཚིགས་ཀྱི་ཐོག་མའི་འབྱུང་ཁུངས་ནི།
https://gyalwarinpoche.com/messages/environment/03
དྲ་རྒྱའི་བརྡ་འཕྲིན་གྱི་དབྱིན་ཡིག་ཕབ་བསྒྱུར་ནི།
Leave a comment